top of page

The Stone Lion
Opens his
Mouth

རྡོའི་སེངྒེ་ཁ་གདངས་པ།

Abstract
༄༅། །རི་བོ་ཞིག་གི་རྩ་ན་ཁྱིམ་ཚང་གཉིས་ཡོད། ཁྱིམ་གཅིག་ནི་དབུལ་ཞིང༌། གཞན་དེ་ཕྱུག་པོ་ཡིན། ཁྱིམ་བདག་དབུལ་པོ་དེ་ཉིན་རེ་བཞིན་རི་མགོར་སོང་ནས་བུད་ཤིང་བཏུས་ཏེ་འཚོ་བ་བསྐྱལ། ཁོ་རི་མགོར་འགྲོ་སྐབས་ཉིན་གུང་གི་ལྟོ་ལ་རྩམ་པ་ཅུང་ཟད་རེ་ཁྱེར་ཏེ་ཉིན་གུང་ནང་ལ་མི་ལོག་པར།
Nearby a mountain there were two families: one was poor and the other rich. Every day, the head of the poor family went up to the top of the mountain to collect firewood to support the family’s livelihood. When he went up the mountain, he would take a small provision of tsampa for his midday meal and by not returning home during the day he could sell [enough] firewood [to ensure] his livelihood.
Vocabulary (མིང་ཚིག)

འཚོ་བ་བསྐྱལ།

བུད་ཤིང་འཚོང་།

གཞུང་དྲང།

བང་མཛོད།

བྲེལ་བ་མ་ལངས།

གསར་བཞེངས་མཛད།

དྲུས།

འཆར་ལ་ཉེ།

འོ་དོད་ཆེན་པོ།

Live life

Sell firewood

Honest

Store house

Don’t be impatient

Newly constructed

Extract

About to rise

Cried out loud

Download the translation

View source text

4a7fc363979949a28777ace096b79765-300x300.jpeg

༄༅། །རི་བོ་ཞིག་གི་རྩ་ན་ཁྱིམ་ཚང་གཉིས་ཡོད། ཁྱིམ་གཅིག་ནི་དབུལ་ཞིང༌། གཞན་དེ་ཕྱུག་པོ་ཡིན། ཁྱིམ་བདག་དབུལ་པོ་དེ་ཉིན་རེ་བཞིན་རི་མགོར་སོང་ནས་བུད་ཤིང་བཏུས་ཏེ་འཚོ་བ་བསྐྱལ། ཁོ་རི་མགོར་འགྲོ་སྐབས་ཉིན་གུང་གི་ལྟོ་ལ་རྩམ་པ་ཅུང་ཟད་རེ་ཁྱེར་ཏེ་ཉིན་གུང་ནང་ལ་མི་ལོག་པར། བུད་ཤིང་བཙོངས་ནས་འཚོ་བ་བསྐྱལ་གྱི་ཡོད། རི་མགོར་མི་མེད་པས། ཁོས་བུད་ཤིང་ཁུར་པོ་ཆེན་པོ་ཞིག་བཏུས་རྗེས། དེར་རྡོའི་སེངྒེ་ཞིག་ ཡོད་པ་དེའི་གམ་དུ་ངལ་གསོ་བྱས་ནས་བྲོ་རྩམ་ཟོས། ཁོས་ལྟོ་ཟ་དུས་རྩམ་པ་དང་མར་ ཕྱུར་རྡོའི་སེངྒེའི་རྡོ་སྟེགས་ཐོག་བཞག ཁོས་ལྟོ་ཆས་ཟ་ཁར་ད་དུང༌། “ཨ་ཇོ་རྡོ་སེང་ལགས། མར་ཟན་ཅུང་ཟད་བཞེས་རོགས་གནང་”ཞེས་རྩམ་པ་ཅུང་ཟད་རེ་རྡོའི་སེངྒེ་ལ་མཆོད། དེ་ལྟར་བྱས་ནས་ཉིན་མང་པོ་སོང༌། ཉིན་ཞིག་ཁོས་སྔར་བཞིན་བྱས་ཏེ། སྐད་ཆ་ཚིག་གཅིག་པོ་དེ་བཤད་པའི་ཚེ། རྡོའི་སེངྒེས་སྨྲས་པ་ “ཐུགས་རྗེ་ཆེ། སྤུན་ཟླ་ལགས། ཁྱོད་ལ་སྙིང་རྗེའི་ བསམ་པ་ཆེན་པོ་འདུག རང་ལ་བྲོ་རྩམ་ཅུང་ཟད་ལས་མེད་ནའང་ང་ལ་ཉིན་རེ་བཞིན་ཟས་ཀྱིས་བསྙེན་བཀུར་བྱས་”ཞེས་བཤད་བྱུང་པས། མི་དབུལ་པོ་དེ་ཐོག་མར་འཇིགས་ཡེར་བ་ཞིག་བྱུང་ནའང༌། རིམ་གྱིས་རྡོའི་སེངྒེས་ཁ་གྲག་པ་ཙམ་ལས་ཁོ་ལ་འཚེ་སེམས་མེད་པ་ཤེས་ནས་བག་ཕེབས་ཏེ། ཁོ་ན་རེ། “ཨ་ཇོ་སེངྒེ་ལགས། ཁྱོད་ལ་ཡང་བདག་སྐྱོང་བྱེད་མཁན་མེད་པས། ངས་ཁྱོད་ལ་རྩམ་པ་ཅུང་ཟད་ཕུལ་བ་ནི་འོས་པ་ཞིག་རེད། ཀྱེ་མ་ང་ཧ་ཅང་དབུལ་བས་འབུལ་རྒྱུ་གཞན་ནི་མེད་”ཟེར་རང་གིས་རྒྱུན་པར་ཁྱེར་བའི་རྩམ་ཁུག་དེ་ཁྱེར་ནས་རི་མགོར་བུད་ཤིང་འཐུ་རུ་ཕྱིན། རྡོའི་སེངྒེའི་འགྲམ་དུ་སླེབས་དུས། རྡོའི་སེངྒེས། “སྤུན་ ཟླ། ཁྱོད་འོངས་སམ།” ཞེས་ཟེར་བར།

ཁོས་ད་གཟོད་སྔ་ཉིན་སེངྒེས་བཤད་པ་དྲན་ཏེ་འོ་ལགས། ང་འོངས་པ་ཡིན།” ཞེས་ལན་བཏབ་པར། རྡོའི་སེངྒེ་ན་རེ། “ད་ངས་ཁ་གདངས་ན། ཁྱོད་ཀྱིས་ངའི་མིད་པར་ལག་པ་བསྲིངས་ནས་དྲུས་དང་གསེར་འབྱུང་བས། ཅི་ཙམ་འདྲུ་ཐུབ་པ་དེ་ཙམ་དྲུས་ནས་ཁུག་མར་ཆུགས། ཉི་མ་མ་ཤར་བའི་སྔོན་ལ་ལག་པ་ཕྱིར་ལེན་དགོས། ཉི་མ་ཤར་ཚེ་ངའི་ཁ་ཟུམ་པ་ཡིན་པས། དེ་ངེས་པར་སེམས་ལ་འཛིན་དགོས་”ཞེས་བཤད། “ཁོས་ལེགས་སོ། ལེགས་སོ་”ཞུས་པར། དེ་མ་ཐག་ སེངྒེས་ཁ་གདངས་བྱུང་བས་དྲུས་ཚེ་དྲུས་འོང་ཚད་གསེར་ཡིན་པས། ཡུད་ཙམ་གྱིས་ཁུག་མ་གང་སོང༌། ཁུག་མ་གང་བ་དང་ ཁོས་སྨྲས་པ། “ཨ་ཇོ་སེངྒེ་ལགས་བཀའ་དྲིན་ཤིན་ཏུ་ཆེ་”ཞེས་ཞུས། རྡོའི་སེངྒེ་ན་རེ། “ཁྱོད་ཀྱི་ཁུག་མ་གང་སོང་ངམ། ཁུག་མ་ཆེན་པོ་ཞིག་ཁྱེར་འོངས་ན་གསེར་མང་པོ་་བཅུག་ཆོག་པ་ལ་”ཟེར་བར། ཁོས་སྨྲས་པ། “འདི་ངས་ཚེ་གང་ལ་སྤྱད་ནའང་འདང༌། ཁྱེད་ཀྱིས་ལྟོས་དང༌། འདི་འདྲ་མང་བས་ད་དུང་མི་འདང་ངམ་”ཟེར་ བཞིན་ཁུག་མ་ཡར་བཏེགས། དེའི་ཚེ་ཉི་མ་ཡང་ཤར་བྱུང་བས། ཁོས་བུད་ཤིང་བཏུས་ནས་སླར་ཡང་ཡུལ་ལ་ལོག་གོ །

དེ་ནས་བཟུང་ཁོ་རི་མགོར་བུད་ཤིང་བཏུ་བར་མ་སོང་ཡང༌། གསེར་མང་པོ་ཡོད་པས། ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་པ་ཅི་ཡང་མ་བྱུང༌། རྟ་ནོར་ལུག་གསུམ་ཡང་ཡོད། ཁང་པ་ཡང་གསར་པ་བཟོས། ཟས་གོས་ལོངས་སྤྱོད་གང་འདོད་ལྟར་ཡོད་པས། ར་བ་ཕྱུགས་ཀྱིས་གང༌། བང་མཛོད་འབྲུ་ཡིས་གང་ཟེར་བ་ལྟར་གྱུར། ཁོའི་ཁྱིམ་གྱི་གནས་ཚུལ་ཁྱིམ་མཚེས་ཕྱུག་པོ་དེས་མཐོང་ནས་ཁོས་བསམ་བློ་སྣ་ཚོགས་འདི་ལྟར་བཏང༌། དབུལ་པོ་འདི་ལ་སྔར་ཡིན་ན་བོང་རྒན་སྤུ་མེད་གཅིག་ལས་མེད། ད་ལྟ་གློ་བུར་དུ་ཁྱིམ་ཆེན་ཞིག་ཏུ་གྱུར་འདུག་པས། བརྐུས་པ་ཡིན་ནམ་ཕྲོགས་པ་ཡིན། གང་ལྟར་ཡང་གསལ་པོ་ཞིག་འདྲི་དགོས་སྙམ་ནས་རུ་མྱུལ་བྱེད་ཁུལ་བྱས་ནས་དབུལ་པོའི་ཁྱིམ་ལ་སླེབས་ ཏེ། ཁོས་ཁ་སྙན་ཚིག་འཇམ་མང་པོ་ཞིག་བཤད་པའི་མཐར་ནོར་འཐོབ་ཚུལ་དང༌། ཁྱིམ་ཇི་ལྟར་ཕྱུག་ཏུ་སོང་བ་སོགས་དྲིས། དབུལ་པོ་དེ་ནི་བསམ་པ་དྲང་པོ་ཞིག་ཡིན་པས། སྦ་གསང་མེད་པར་གསེར་བྱུང་ཚུལ་ཐམས་ཅད་དྲང་པོར་ཁྱིམ་མཚེས་ལ་བཤད། ཕྱུག་པོས་ཐོས་འཕྲལ་སྲེད་ཞེན་གྱི་འགྲམ་ཆུ་ལྡང་ཞིང༌། འདོད་ཧམ་དྲག་པོས་བཟོད་གླགས་མེད་པར་གྱུར། རང་ཉིད་དེ་འདྲའི་ནོར་བཟང་པོ་དང་ཅིའི་ཕྱིར་མ་འཕྲད་སྙམ་ནས་ཤུགས་རིང་འབྱིན་བཞིན། རྡོའི་སེངྒེ་ཡོད་སའི་གནས་དང༌། བུད་ཤིང་ཇི་ལྟར་བཏུས་པ་སོགས་གཏིང་ཐག་ཆོད་པ་ཞིག་དྲིས་ནས་ངེས་ངེས་ཏིག་ཏིག་བྱས་རྗེས་སླར་ཁྱིམ་དུ་ལོག ཁོ་ཁྱིམ་དུ་སླེབས་རྗེས་མཚན་མོ་གཉིད་ཀྱང་མ་ཁུག་པར་བསམ་བློ་མང་པོ་བཏང་ནས་བུད་ཤིང་འཐུ་རུ་སོང་ནས་རྡོའི་སེངྒེ་ བཙལ་དགོས་སྙམ། དེ་ནས་བཟུང་ཁོས་སློག་པ་ཧྲུལ་པོ་ཞིག་གྱོན་ནས་ཉིན་རེ་བཞིན་རི་མགོར་བུད་ཤིང་འཐུ་རུ་འགྲོ་ཁུལ་བྱས་ཏེ། གྲོའི་རྩམ་པ་ཅུང་ཟད་རེ་ཁྱེར་ནས་རྡོའི་སེངྒེའི་འགྲམ་དུ་བཟས། ཁོས་དབུལ་པོ་དེས་བཤད་པ་ལྟར་ཁ་སྙན་བཤད། དེ་ལྟར་ཉིན་འགའ་སོང་ན་ཡང་འབྲས་བུ་ཅི་ཡང་མ་བྱུང་བས། ཁོར་སེམས་འཚབ་ཆེན་པོ་སྐྱེས་ཏེ་དབུལ་པོས་ཁོ་ལ་རྫུན་བཤད་པའམ། ཡང་ན་རྡོའི་སེངྒེས་ཁོ་ལ་ཡིད་མ་ཆེས་པ་ཡིན་ནམ་སྙམ། དེ་ལྟ་ནའང་གསེར་འཐོབ་ཆེད་སྐྱོ་ངལ་མེད་པར་བཟོད་སྒུག་བྱས་པ་རེད། ཉིན་ཞིག་རྡོའི་སེངྒེས་གསུང་བྱོན་ཏེ། “བུད་ཤིང་འཐུ་བའི་ཟླ་བོ་ལགས། ཁྱོད་ཀྱིས་ང་ལ་བསྙེན་བཀུར་བྱས་པས། ཁྱོད་ལ་ཡང་འོ་བརྒྱལ་བྱུང་མ་སོང་ངམ་”ཟེར་བར། ཁོས་རྡོའི་སེངྒེས་སྐད་ཆ་བཤད་པ་ཐོས་འཕྲལ་ཤིན་ཏུ་དགའ་ནས་སྨྲས་པ། “ཨ་ཙི། ཨ་ཙི། འོ་བརྒྱལ། ངའི་ཁྱིམ་ཅི་འདྲའི་དབུལ་བ་ཁྱེད་ཀྱིས་མཁྱེན་པ་ལྟར་ལགས་”ཟེར་བར། རྡོའི་སེངྒེས། “བྲེལ་བ་མ་ལངས། སང་ཉིན་སྔ་མོ་ཁུག་མ་ཞིག་ཁྱེར་ཤོག་དང༌། ངས་ཁྱོད་ལ་ཕན་ཞིག་འདོགས་”ཟེར་བར། “ཁོས་ལེགས་སོ། །ལེགས་སོ། །”ཞུས་ཏེ་ཁྱིམ་དུ་ལོ་ཕྱི་་ཉིན་སྔ་མོར་ཁོས་སྒྲོ་བ་ཤིན་ཏུ་ཆེན་པོ་ཞིག་ཁྱེར་ནས་རི་མགོར་རྡོའི་སེངྒེ་ཡོད་སར་ཕྱིན་པས། རྡོའི་སེངྒེ་ཁ་གདངས་ནས་ཁོ་ལ་གསེར་འདྲུ་རུ་བཅུག་པ་དང༌། ཉི་མ་མ་ཤར་སྔོན་ལག་པ་ཅིས་ཀྱང་ཕྱིར་ལེན་དགོས་པ་བརྗེད་མི་རུང་བར་བཤད། ཁོས་ཀྱང་དེ་ལྟར་བྱེད་པར་ཁས་བླངས་ནས་གསེར་དྲུས་ཏེ། ཁྱོར་བ་གང་རེ་གང་རེ་དང༌། རྡོག་པོ་རེ་རེ་བཞིན་ཁུག་མར་ བཅུག དེ་ལྟར་ཡུན་རིང་འགོར་ནས་རྡོའི་སེངྒེ་ན་རེ། “ད་ཆོག་གམ། ཉི་མ་འཆར་ལ་ཁད་འདུག་”ཅེས་ཟེར་བར། ཁོས“ལེགས་སོ། །ལེགས་སོ། །ད་དུང་སྒྲོ་བའི་ཁ་གང་མི་འདུག་པས། ཁྱོར་བ་འགའ་དྲུས་ན་ཆོག་”ཅེས་མུ་མཐུད་དུ་གསེར་དྲུས་ཏེ་གསེར་རྡོག་རེ་རེ་བཞིན་སྒྲོ་བར་བཅུག་ན་ཡང༌། སྒྲོ་བ་ཧ་ཅང་ཆེ་སྟབས་ད་དུང་མ་གང་བར་འདུག རྡོའི་སེངྒེས་སླར་ཡང་སྨྲས་པ། “ད་དུང་འདང་མ་སོང་ངམ། ཉི་མ་འཆར་ལ་ཉེ་སོང༌།” ཞེས་གསལ་བཤད་བྱས་ན་ཡང༌། ཁོས་ད་དུང་“ལགས་ལགས། ད་དུང་ཅུང་ཟད་གང་མ་སོང་བས་ཁྱོར་བ་འགའ་དྲུས་ན་ཆོག”མུ་མཐུད་དུ་དྲུས། ཁོས་རྡོའི་སེང་གེའི་མིད་པའི་ནང་ལག་པ་གཏོང་བཞིན་པའི་སྐབས། ཉི་མ་ཤར་རིའི་རྩེ་ནས་འོད་སྟོང་འཕྲོ་བཞིན་འཆར་བྱུང་བས། རྡོའི་སེངྒེའི་ཁ་ཐག་ཅེས་ཟུམ་སོང༌། ཁོས“ངའི་ལག་པ། ལག་པ། ཨ་ཚ་”ཞེས་འོ་དོད་ཆེན་པོས་བོས་ན་ཡང༌། རྡོའི་སེངྒེའི་ཁ་ཟུམ་སོང་བས་ཁོའི་ལག་པ་ཕྱིར་འཐེན་ཐབས་མ་བྱུང༌ངོ་། །

 མཆན། སློབ་ཚན་འདི་ནི་བོད་ ཡུལ་དུ་དར་ཁྱབ་ཆེ་བའི་མི་རོ་རྩེ་སྒྲུང་ལས་བདམས་སྒྲིག་ཞུས་པ་ཡིན། སྒྲུང་འདིའི་རྩོམ་པ་པོ་མགོན་པོ་ཀླུ་སྒྲུབ་ཡིན་པར་བཤད་པ་སོགས་མི་མཐུན་པ་མང་ངོ་། །

གཏམ་དཔེ། དངོས་གྲུབ་མི་དགོས། རྫོག་མགོ་གློད་རོགས་གནང་།

bottom of page